ཨོ་གླིང་གི་རྩེད་འགྲན་པ་རྣམས་ཕྱིར་འབྱོར་སྐབས་དགའ་ཚོར་ཆེན་པོས་བསུ་བ་བྱས།

AUSTRALIAN OLYMPIC TEAM ARRIVAL SYDNEY

Family and friends await the arrival of the Australian Olympic Team from the 2024 Paris Olympic Games, at Sydney Airport in Sydney, Wednesday, August 14, 2024. (AAP Image/Bianca De Marchi) NO ARCHIVING Source: AAP / BIANCA DE MARCHI/AAPIMAGE

Get the SBS Audio app

Other ways to listen

ཉེ་ཆར་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐོག ཨོ་སི་ཁྲུ་ལི་ཡ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཨང་རིམ་བཞི་པར་སླེབས་པ་དང་། རྩེད་འགྲན་པ་རྣམས་ཀྱིས་གསེར་གྱི་རྟགས་མ་ ༡༨ བླངས་བས་ཨོ་གླིང་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ཟིན་ཐོ་གསར་པ་བཀོད་ཐུབ་ཡོད་པ་རེད།


ད་ཐེངས་ཀྱི་ཨོ་རྩལ་འགྲན་ཚོགས་ཐོག་ཨོ་སི་ཁྲུ་ལི་ཡར་རྒྱལ་ཁ་ཆེན་པོ་ཐོབ་ནས། ཉེ་ཆར་རྩེད་འགྲན་པ་རྣམས་ཕྱིར་ཨོ་སི་ཁྲུ་ལི་ཡར་འབྱོར་སྐབས། ནང་མི་དང་གྲོགས་པོ་གྲོགས་མོ། མི་མང་། དེ་བཞིན་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་བཅས་ནས་དགའ་སྤྲོ་ཆེན་པོས་བསུ་བ་ཞུས་ཡོད།

ཨོ་སི་ཁྲུ་ལི་རྒྱལ་ཁབ་ཀྱི་ཚབ་ཏུ་པེ་རི་སི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཨོ་སི་ཁྲུ་ལི་ཡའི་རྩེད་འགྲན་པ་ ༤༦༠ ལ་སིཌ་ནིང་གནམ་ཐང་དུ་མི་མང་ཚོས་ཁོང་ཚོར་དགའ་ཚོར་ཆེན་པོས་བསུ་བ་དང་། ཕེབས་བསུའི་མཛད་སྒོ་འཚོགས་ཡོད།

སྐབས་དེར་བུ་མོ་ཞིག་གིས་ནང་མི་ཞིག་གི་ངོས་ནས་འདི་འདྲའི་ཕེབས་བསུ་མཛད་སྒོ་འདི་མཐོང་དུས་སེམས་ལ་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་དང་། ཡང་ཁོ་མོས་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱེད་མཁན་རུ་ཁག་ཚང་མ་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་། ཁོང་ཚོས་ཧ་ལས་པ་དཀའ་ལས་བརྒྱབ་སོང་ལ་ད་ཆ་ཚང་མ་ཕྱིར་ནང་ལ་འབྱོར་བ་དེ་སེམས་པ་དེ་བས་དགའ་པོ་བྱུང་སོང་ཞེས་གསུངས་འདུག

ཡང་བུད་མེད་དེས་ང་ནི་གྷ་རེ་མོ་རེས་སི་ Grae Morris ཡི་ཨ་མ་ཡིན། ཁོང་ནི་རླུང་འདེད་གྲུ་ཆུང་གཏོང་མཁན་ཞིག་དང་ལོ་ན་ ༢༠ རེད། ཁོང་ལ་དངུལ་གྱི་རྟགས་མ་རག་འདུག  འདི་ནི་ཁོང་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་ཐེངས་མ་དང་པོ་དེ་རེད། ང་རང་ཁོང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་ཞེས་བརྗོད་འདུག 

རྩེད་མོ་ཁྲིད་སྟོན་པ་རེ་བྷེ་ཁ་རེ་ཕོན་ Rebecca Rippon ཡི་སྣེ་ཁྲིད་པའི་རྒྱལ་ཡོངས་བུད་མེད་ཆུ་རྩེད་སྤོ་ལོ་རུ་ཁག་ཨོ་གླིང་གི་བུད་མེད་ཅེས་པའི་རུ་ཁག་དེར་ཐེངས་འདིར་པེ་རི་སི་ཨོ་རྩལ་འགྲན་ཚོགས་ནང་དངུལ་གྱི་རྟགས་མ་རག་ཡོད་པ་རེད། སིཌ་ནིང་གནམ་ཐང་དུ་ཁོ་མོའི་ཚ་མོ་ཚོ་དང་ཁོང་ཚོའི་པཱ་ལགས་བཅས་ནས་ཕེབས་བསུ་བྱས་འདུག 

ཁོང་ཚོས་ཐེངས་འདིར་ང་ཚོ་ཨོ་རྩལ་འགྲན་ཚོགས་ཀྱི་རྩེད་མོར་བལྟ་རྒྱུར་སྤྲོ་སྣང་ཆེན་པོ་བྱུང་བ་དང་།  ལོ་ངོ་མང་པོ་རིང་གི་འབད་བརྩོན་གྱི་གྲུབ་འབྲས་ལ་བརྟེན་ནས་ཐེངས་འདིར་རྟགས་མ་རག་པའི་གྲུབ་འབྲས་དངོས་སུ་ཐོན་པ་རེད་ཅེས་བརྗོད་འདུག

ཚ་མོས་ང་ཚོས་ཁོ་མོ་མཐོང་དུས་ཧ་ཅང་དགའ་པོ་བྱུང་སོང་། ཁོང་གི་རྩེད་མོ་ཧ་ལས་པ་ཡག་པོ་རྩེས་སོང་ལ། དེས་ང་ཚོར་སྤོབས་པ་ཆེན་པོ་སྦྱིན་བྱུང་ཞེས་དང་། ཡང་ཚ་མོ་གཞན་དེས་ཁོང་ཚོའི་གྲུབ་འབྲས་དེས་ང་ཚོ་དངོས་གནས་སྤོབས་པ་ཆེན་པོ་སྐྱེས་བྱུང་ཞེས་བརྗོད་འདུག 

ཚ་མོ་ཚོའི་པཱ་ལགས་དེས་འདི་ནི་ཁོང་ཚོའི་རེ་བའི་རྨི་ལམ་ཞིག་དང་དེ་ནི་ཁོང་ཚོ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་ཤིག་རེད། དེ་ནི་ཧ་ཅང་ཡག་པོ་རེད། ང་ཚོ་ང་ཡི་སྲིང་མོ་རེ་བྷེ་ཁེ་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་། ཁོང་མོ་རྩེད་མོ་རུ་ཁག་དེའི་ཁྲིད་སྟོན་པ་ཞིག་རེད། ཁོང་ཚོས་འདས་པའི་ཟླ་བ་དྲུག་ནང་དཀའ་ལས་ཧ་ལས་པ་བརྒྱབ་ནས། ཕྱིར་ནང་ལ་ལོག་དུས་དངུལ་གྱི་རྟགས་མ་འཁྱེར་ནས་ཡོང་བ་རེད། ཚང་མ་ཁོང་མོ་དང་ཁོ་མོའི་རུ་ཁག་ལ་སྤོབས་པ་ཧ་ལས་པ་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་འདུག

དེ་བཞིན་རྩེད་འགྲན་སྐབས་རྨས་སྐྱོན་ཕོག་པའི་བུ་མོ་མེ་ཤལ་ཇེ་ནེ་ཁེ་ Michelle Jenneke ལ་ཡང་ཕེབས་བསུ་ཞུས་ཡོད། ཁོ་མོར་གཟེངས་རྟགས་རག་མེད་ཀྱང་རྨས་སྐྱོན་ཕོག་ན་ཡང་ཁོ་མོའི་སྙིང་ཆེན་པོས་འབད་བརྩོན་བྱས་ཡོད།

ཁོ་མོས་རྒྱུག་མཆོང་རྩེད་འགྲན་ནང་ཐེངས་གསུམ་པ་སྐབས་འགྱེལ་ནས་རྨས་སྐྱོན་ཕོག་པ་རེད།

བུད་མེད་དེས་ཤཱེ་ལེ་ Shelly ལགས་ཨོ་རྩལ་རྩེད་འགྲན་གྱི་རྒྱུགས་ཤར་གློད་སྐབས་བློ་སྟོབས་ཆེན་པོ་གསལ་བཏོན་བྱས་སོང་། ཁོ་མོ་ས་ལ་འགྱེལ་ནས་རིལ་བ་དེ་སེམས་པ་སྐྱོ་དགོས་པ་ཞིག་རེད། ཡིན་ན་ཡང་ཁོ་མོ་ཡར་བསྐྱར་ཡར་ལངས་ནས་མཉམ་དུ་རྒྱུགས་ཐུབ་པ་བྱུང་སོང་། ང་ཚོས་རེ་བ་བརྒྱབ་པ་ནང་བཞིན་གང་ཐུབ་ཅི་ཐུབ་ཀྱིས་རྒྱུགས་ཤར་ཡག་པོ་གློད་སོང་། ང་ཚོ་ཁོ་མོར་དགའ་པོ་ཡོད་ལ་ཁོ་མོར་སྤོབས་པ་ཆེན་པོ་སྐྱེས་བྱུང་ཞེས་བརྗོད་འདུག 

ཡང་སྐྱེས་པ་དེས། མོ་ནི་ཨོ་སི་ཁྲུ་ལི་ཡའི་མི་ཞིག་རེད། མོ་རང་ལྷུང་རྗེས་ཡར་ལངས་ནས་འགྲན་བསྡུར་མཇུག་སྒྲིལ་བ་རེད། རྨས་སྐྱོན་ཕོག་ཀྱང་ཡར་ལངས་ནས་རྒྱུགས་པ་རེད། དེ་ནས་མོ་རང་གིས་བྱེད་ཐུབ་པ་དེ་རེད་ཅེས་གསུངས་སོང་། 

ཨོ་སི་ཁྲུ་ལི་ཡའི་སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནི་སིས་ཨོ་སུ་ཁྲུ་ལི་ཡའི་ལུས་རྩལ་པ་རྣམས་ལ་འཚམས་འདྲི་དང་དགའ་བསུ་ཞུས་གནང་ཡོད་པ་རེད། 

ཁོང་གིས་ལུས་རྩལ་པ་དེ་ཚོ་འདི་གར་གནམ་གྲུའི་ཐེམ་སྐས་ནས་མར་འབབ་སྐབས་མི་ཚང་མའི་སྐེ་ལ་རྟགས་མ་མེད་ཀྱང་ཁོང་ཚོ་རེ་རེ་བཞིན་ལ་གསེར་གྱི་ལྗིད་ཚད་ཀྱི་རིན་ཐང་ཡོད། ཁོང་ཚོ་མི་རེ་ངོ་རེས་ང་ཚོའི་རྒྱལ་ཁབ་ལ་སྤོབས་པ་དགུང་ལ་བཏེགས་ཡོད་ཅེས་གསུངས་འདུག

Share