གློག་རྡུལ་ཐ་མག་དེ་ཉེན་ཁ་ཆེན་པོ་ཡིན་པའི་རྒྱུ་མཚན་ག་རེ་ཡིན་ནམ།

གློག་རྡུལ་ཐ་མག་ Vaping ཡི་རིགས་ཨོ་སི་ཁྲུ་ལི་ཡའི་ནང་དམ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། གློག་རྡུལ་གྱི་ཐ་མག་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་མི་མང་གི་འཕྲོད་བསྟེན་གྱི་གནད་དོན་ཞིག་ཆགས་ཡོད་པས་མ་ཚད། ལྷག་པར་གཞོན་སྐྱེས་ཁྲོད་གློག་རྡུལ་ཐ་མག་རྒྱ་ཁྱབ་ཏུ་ཕྱིན་ཡོད་པ་ཡིག་ཆའི་ནང་གསལ་ཡོད།

VAPING-AusExpl_Social_1.png
ཨོ་སི་ཁྲུ་ལི་ཡའི་འཕྲོད་བསྟེན་བློན་ཆེན་མར་ཁེ་བྷུ་ཊར་ Mark Butler ལགས་ཀྱིས་གློག་རྡུལ་ཐ་མག་བཀག་འགོག་བྱེད་དགོས་པའི་དམིགས་འབེན་ནི་གཅིག་ནི་མི་མང་སྤྱི་ཡོངས་ཀྱི་འཕྲོད་བསྟེན་གནད་དོན་དང་། གཙོ་བོར་སློབ་གྲྭ་མང་པོ་ཞིག་གི་ནང་སྤྱོད་ལམ་གྱི་གནད་དོན་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

ཨོ་སི་ཁྲུ་ལི་ཡའི་འཕྲོད་བསྟེན་ལྷན་ཁང་གི་ཡིག་ཆར་ལྟར་ན་ ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ བར་སློབ་གྲྭ་མཐོ་འབྲིང་ཁག་གི་ནང་སློབ་ཕྲུག་གསུམ་རེའི་ནང་སློབ་ཕྲུག་རེ་རེས་གློག་རྡུལ་ཐ་མག་སྤྱོད་བཞིན་ཡོད་སྐོར་གསལ་འདུག

བྷ་ཁེ་ Becky Freeman ལགས་ནི་སིཌ་ནིང་གཙུག་ལག་སློབ་གཉེར་ཁང་གི་སློབ་གྲྭའི་སྤྱི་དམངས་འཕྲོད་བསྟེན་སྐོར་གྱི་སློབ་དཔོན་ཞིག་རེད། 

ཁོ་མོ་ནི་ཐ་མག་འཐེན་མཁན་གྱི་མི་གྲངས་འཕེལ་རྒྱས་ཀྱི་ལས་གཞི་ལ་སྣེ་ཁྲིད་བྱེད་མཁན་ཞིག་ཡིན་པས། ཁོང་ཚོས་ཐ་མག་འཐེན་མཁན་གཞོན་སྐྱེས་རྣམས་ཀྱི་ཡིད་ཆེས་དང་གཤིས་སྤྱོད་ལ་ཞིབ་འཇུག་བྱས་ཡོད། ཞིབ་འཇུག་དེའི་ནང་གཞོན་སྐྱེས་ཁྲོད་དུ་ཐ་མག་འཐེན་མཁན་གྱི་གྲངས་འབོར་ཤུགས་ཆེར་འཕེལ་བཞིན་ཡོད་པ་ཡིག་ཆའི་ནང་གསལ་པོར་འཁོད་ཡོད།

ཁོ་མོས་ང་ཚོས་ཤེས་གསལ་ལྟར་ཨོ་སི་ཁྲུ་ལི་ཡའི་ནང་གཞོན་སྐྱེས་གསུམ་རེའི་ནང་གཅིག་གིས་གློག་རྡུལ་ཐ་མག་འཐེན་བཞིན་འདུག མ་ཚད་ཉེ་བའི་ལོ་ཤས་རིང་ཐ་མག་འཐེན་མཁན་གྱི་གྲངས་འབོར་དེ་མངོན་གསལ་འཕར་ཡོད་པ་དང་། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་རྗེས་ལ་སློབ་གྲྭ་རྣམས་སྒོ་བརྒྱབ་ནས་མི་མང་གི་དོ་སྣང་ཡོད་ཚད་ཏོག་དབྱིབས་ནད་ཡམས་ལ་སྤྲད་ཡོད་པ་དང་།  ཐ་མག་གི་ཐོན་རྫས་འདི་དག་དང་། ལྷག་པར་དུ་བྲོ་བ་ཆེ་ཞིང་ཐེངས་གཅིག་རང་ལ་སྤྱོད་ཆོག་པའི་ཐ་མག་གྱི་ཐོན་རྫས་རྣམས་ཨོ་སི་ཁྲུ་ལི་ཡའི་ནང་ལ་དར་ཁྱབ་ཆེན་པོ་ཕྱིན་འདུག ཐོན་རྫས་འདི་དག་བྱིས་པ་ཚོ་ལ་ཡང་ཚོང་འགྲེམས་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་གཞོན་སྐྱེས་ཚོས་བཀོལ་སྤྱོད་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་འདི་ཆགས་པ་རེད་ཅེས་གསུངས་འདུག 

སྨན་རྫས་ཚོང་ཁང་ཁག་གི་ནང་མ་གཏོགས་ཚོང་ཁང་གཞན་ཁག་གི་ནང་གློག་རྫས་ཐ་མག་འདི་རིགས་བཀག་འགོག་བྱེད་བཞིན་ཡོད་ཀྱང་དོན་དངོས་སུ་ནུས་པ་དེ་ཙམ་ཐོན་བཞིན་མེད། ནག་ཚོང་བརྒྱུད་ད་དུང་ཡང་གཞོན་སྐྱེས་རྣམས་ལ་གློག་རྫས་ཐ་མག་འདི་རིགས་རག་རྒྱུ་ལས་སླ་མོ་ཆགས་ཡོད་པ་རེད་ཅེས་གསུངས་འདུག

ཁོ་མོས་མི་ཚོས་དེ་ནི་ནག་ཚོང་ཞེས་འབོད་ཀྱི་ཡོད་ཀྱང་དེ་ནི་གད་མོ་ཤོར་ཡ་རང་རེད། གང་ཡིན་ཟེར་ན་གལ་སྲིད་ཁྱེད་རང་ལོ་ན་ ༡༤ ཙམ་ཞིག་ཡིན་ན་གློག་རྫས་ཐ་མག་དེ་རིགས་རག་རྒྱུ་ཧ་ཅང་ལས་སླ་མོ་ཆགགས་བསྡད་ཡོད་པ་རེད། དེ་ནི་ནག་ཚོང་ཞིག་མ་ཡིན་པར་མངོན་གསལ་དོད་པོའི་ཚོང་གཉེར་ཞིག་རེད། ང་ཚོ་ཁ་བྱང་ལ་དོ་སྣང་བྱས་པ་ཡིན་ན་ས་ཆ་ཐག་རིང་ནས་ལག་པར་ལས་སླ་མོ་རག་ཆོག་ཆོག་དེ་འདྲ་ཆགས་བསྡད་ཡོད་པ་རེད་ཅེས་གསུངས་འདུག

སློབ་དཔོན་བྷ་ཁེ་ Becky Freeman ལགས་ཀྱིས་གཞོན་སྐྱེས་ཁྲོད་གློག་རྡུལ་ཐ་མག་འཐེན་མཁན་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་མཚན་གཅིག་ནི་ཁོང་ཚོ་གློག་རྡུལ་ཐ་མག་དེ་ནི་ཐ་མག་གཞན་དང་གཅིག་པ་མིན་པར་འདོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

ཁོ་མོས་དམིགས་བསལ་གཞོན་སྐྱེས་ཁྲོད་དུས་རྒྱུན་ཐ་མག་འཐེན་མཁན་ལ་ངོ་རྒོལ་ཤུགས་ཆེ་བྱེད་མཁན་མང་པོ་ཡོད་པ་དང་།  ཁོང་ཚོར་རྒྱུན་ལྡན་གྱི་ཐ་མག་འཐེན་མི་རུང་བའི་སྐོར་གོ་རྟོགས་ཤུགས་ཆེ་སླེབས་ཡོད། མ་ཚད་ཐ་མག་གོང་ཆེན་ཀྱང་ཡིན་པས་རེད། ཐ་མག་སྒང་ལ་འཕྲོད་བསྟེན་ལ་ཉེན་ཁ་ཤིན་ཏུ་ཆེན་པོ་ཡིན་པའི་པར་རིས་དེ་འདྲ་ཡང་ཡོད་པ་དང་། ཁྱེད་རང་གིས་ཐ་མག་་ག་ས་ག་ལ་འཐེན་ཆོག་གི་མེད། ཐ་མག་གང་སར་གང་བྱུང་དུ་འཐེན་པ་ནི་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་ཐབས་བྲལ་བའི་གནས་སྟངས་ཤིག་ཆགསཡོད། ཡིན་ན་ཡང་ཁྱེད་རང་གིས་གློག་རྡུལ་ཐ་མག་སྒང་ལ་གཅིག་བལྟས་པ་ཡིན་ན་གློག་རྡུལ་ཐ་མག་གི་ཉེན་ཚབས་དང་ཉེན་བརྡ་སོགས་ཀྱི་པར་རིས་དེ་འདྲ་གང་ཡང་མཐོང་རྒྱུ་མེད་པས། ཁོང་ཚོའི་བསམས་པར་གློག་རྡུལ་ཐ་མག་གིས་དེ་འདྲའི་གནོད་འཚེ་མེད་པར་བདེ་འཇགས་ཡིན་པའི་བསམ་བློ་འཁོར་གྱི་ཡོད། མ་ཚད་གློག་རྡུལ་ཐ་མག་དེ་བཞིན་འཐེན་ན་སྐྱིད་པོ་གཏོང་གི་ཡོད་པའི་ཚོར་སྣང་དང་སྤྱི་ཚོགས་ཀྱིས་ཀྱང་དེ་ལ་ལྟ་སྟངས་མི་ལེགས་པ་ཡོད་པ་ཤེས་ཀྱི་མེད། འགྲེལ་བརྗོད་ལོག་པ་ཕྱིན་པའི་རྒྱུ་མཚན་དེ་ལ་བརྟེན་ནས་གློག་རྡུལ་ཐ་མག་བཟོ་གྲྭ་ཚོར་ཁེ་བཟང་ཆེན་པོ་རག་གི་ཡོད་པ་རེད་ཅེས་གསུངས་འདུག 

སློབ་དཔོན་ནེ་ཁེ་རྫ་ཝར་ Nick Zwar ལགས་ནི་ཨོ་སི་ཁྲུ་ལི་ཡའི་རོ་ཡོལ་མཐོ་སློབ་ཀྱི་སྤྱི་སྟངས་སྨན་པར་ཆེད་ལས་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་ཡིན་པ་དང་། ཁོང་གིས་འཕྲོད་བསྟེན་མི་སྣར་ཐ་མག་གཅོད་མཁན་རྣམས་ལ་རོགས་རམ་གང་འདྲ་གནང་དགོས་ཀྱི་ཡོད་མེད་སྐོར་ལམ་སྟོན་ཞིག་བཟོས་ཡོད་པ་རེད།

ཁོང་གིས་གློག་རྡུལ་ཐ་མག་ནང་ Nicotine ཞེས་པའི་རྫས་དེ་འདྲ་མེད་པའི་རིགས་ཀྱིས་ཀྱང་ད་དུང་འཕྲོད་བསྟེན་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། རྒྱུ་མཚན་ནི་གློག་རྫས་ཐ་མག་འཐེན་སྐབས་དུ་རླངས་འཕྱུར་བ་ནི་གཞི་རྩར་སྐྱུར་རྫས་དང་སྤྲི་དཀར་གྱི་རྫས་བཅས་ལས་གྲུབ་ཀྱི་ཡོད་སྐོར་བརྗོད་འདུག 

སློབ་དཔོན་ནེ་ཁེ་རྫ་ཝར་ Nick Zwar ལགས་ཀྱིས་ Nicotine ཞེས་པའི་རྫས་དེ་ད་ལྟའི་ཆར་གློག་རྡུལ་ཐ་མག་མང་ཆེ་བའི་ནང་ཡོད་སྐོར་བརྗོད་འདུག 

ཁོང་གིས་ཨོ་སི་ཁྲུ་ལི་ཡའི་སྨན་རྫས་ཞིབ་དཔྱད་ལྷ་ཁང་དང་ཚོགས་སྡེ་གཞན་ཁག་གིས་བརྟག་དཔྱད་བྱས་དུས་ Nicotine ཞེས་པའི་རྫས་མེད་སྐོར་བརྗོད་ཡོད་པའི་གློག་རྡུལ་ཐ་མག་ཁག་གི་ནང་ལ་ཡང་རྫས་དེ་རིགས་བརྒྱ་ཆ་ ༨༠ ནས་ ༩༠ བར་ཡོད་སྐོར་གསལ་ཡོད་ཅེས་གསུངས་འདུག 

གློག་རྡུལ་ཐ་མག་དེའི་ནང་ཡོད་པའི་རྫས་དེ་རིགས་ཀྱིས་ཕྲུ་གུ་རྣམས་ཀྱི་འཕྲོད་བསྟེན་དང་ལྷག་པར་ཁོང་ཚོ་བསྐྱེད་འཚར་དང་འཕེལ་རྒྱས་ལ་གནོད་སྐྱོན་ཤུགས་ཆེ་བཟོ་བཞིན་ཡོད་འདུག 

ཁོང་གིས་ཐ་མག་འཐེན་མཁན་རྣམས་ལ་སེམས་ཁྲལ་དང་། ལྷག་པར་དུ་ལོ་ན་གཞོན་པའི་མི་ཚོར་སེམས་ཁྲལ་ཆེན་པོའི་གནད་དོན་ཞིག་ནི། ཐ་མག་གིས་འཚར་ལོངས་འབྱུང་བཞིན་པའི་དབང་རྩའི་མ་ལག་དང་ལྷག་པར་དུ་འཚར་ལོངས་འབྱུང་བཞིན་པའི་ཀླད་པ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། ཐ་མག་འཐེན་མཁན་དང་ན་གཞོན་ཚོའི་ཐ་མག་འཐེན་རྒྱུ་གཉིས་གང་ཡིན་ཡང་སེམས་ཁྲལ་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་ཡིན། ཐ་མག་འཐེན་མཁན་ཚོའི་ཐ་མག་གིས་གློ་བ་དང་སྙིང་གི་ཁྲག་རྩའི་མ་ལག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་ཀྱང་། གནོད་སྐྱོན་དེའི་ཚད་གཞི་ད་དུང་གསལ་པོ་མེད་ཅེས་གསུངས་འདུག 

ཝི་ཊོ་རི་ཡ་ཐ་མག་མཚམས་འཇོག་སྐོར་གྱི་འགན་འཛིན་རི་ཆལ་ཨན་ཌོར་སན་ Rachael Andersen ལགས་ཀྱིས་ཐ་མག་མཚམས་འཇོག་བྱ་རྒྱུ་ནི་གཞོན་སྐྱེས་རྣམས་ལ་མཚོན་ལ་འགྲུལ་བཞུད་ཁྱད་པ་བ་ཞིག་ཡིན་སྐོར་གསུངས་འདུག 

ཁོང་གིས་ཐ་མག་འཐེན་མཚམས་འཇོག་ཐབས་བྱེད་སྐབས་མི་མང་པོ་ཞིག་ལ་དཀའ་ངལ་གཅིག་མཚུངས་འབྱུང་གི་ཡོད། ཐ་མག་འཐེན་པ་དང་གློག་རྡུལ་ཐ་མག་འཐེན་པ་གཉིས་ཀའི་འཐེན་མཚམས་འཇོག་པའི་བརྒྱུད་རིམ་ནི་ཧ་ཅང་འདྲ་མཚུངས་ཤིག་ཡིན་པས། འཕྲོད་བསྟེན་ཆེད་ལས་པ་ཚོས་ཐ་མག་ཇི་ལྟར་འཐེན་མཚམས་འཇོག་བྱེད་ཐབས་ཡག་ཤོས་ཡིན་པའི་ཐད་ལ་དམིགས་བསལ་ལམ་སྟོན་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག 

སློབ་དཔོན་རྫ་ཝར་ Prof. Zwar  ལགས་ཀྱིས་གློག་རྡུལ་ཐ་མག་བཀག་འགོག་ཐད། གཞོན་སྐྱེས་ཁག་ཅིག་ལ་ནང་མི་དང་རོགས་པ་དེ་འདྲས་མཚམས་འཇོག་རོགས་རམ་ཐུབ་ཀྱི་ཡོད་ཀྱང་། ཡང་ཁག་ཅིག་སྨན་རྫས་ངན་གོམས་ཤུགས་ཆེ་ཕྱིན་པའི་རིགས་ལ་ཆེད་ལས་སྨན་པ་དེ་འདྲའི་རོགས་རམ་དགོས་ཀྱི་ཡོད་སྐོར་གསུངས་འདུག

སློབ་དཔོན་བྷ་ཁེ་ Becky Freeman ལགས་ཀྱིས་ཁྱེད་རང་གི་ཕྲུ་གུ་གློག་རྡུལ་ཐ་མག་མཚམས་འཇོག་བྱེད་པར་གཙོ་བོར་ཐབས་ལམ་གཉིས་ཡོད་པ་དང་། གཅིག་ནི་དྲང་ཕྱོགས་ནས་ཁ་བརྡ་བྱ་རྒྱུ་དང་གཞན་ནི་ཆེད་མཁས་པ་དེ་འདྲའི་རོགས་རམ་རག་ཐབས་བྱ་རྒྱུ་དེ་རེད་ཅེས་གསུངས་འདུག

Share
Published 19 July 2024 8:06pm
Source: SBS

Share this with family and friends